གཞན་སྟོང་དབུ་མ་ཆེན་པོའི་བསྟན་རྒྱས་སྨོན་ལམ།

༄༅།། དཔལ་ལྡན་ཇོ་ནང་པའི་རིང་ལུགས་གཞན་སྟོང་དབུ་མ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ།   

ཨེ་མ་ཧོ། འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོའི།།
དགོངས་པའི་གནད་གསང་འཕགས་བོད་མཁས་གྲུབ་བརྒྱས།།
ལུང་རིགས་མན་ངག་འཕྲུལ་གྱིས་ལེགས་དྲངས་པ།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

གང་གཱའི་ཀླུང་རྡུལ་ལས་འདས་སངས་རྒྱས་ཀྱི།།
ཆོས་རྣམས་ཀུན་ལྡན་འོད་གསལ་འདུས་མ་བྱས།།
གཉིས་མེད་ཡེ་ཤེས་བདེ་གཤེགས་སྙིང་པོའི་དོན།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

རྣམ་དབྱེར་བཅས་པའི་ཆོས་ལས་ཡོངས་འདས་ཤིང༌།།
ཆ་མེད་ཀུན་འགྲོ་རྟག་ཅིང་ཁྱབ་པ་ཆེ།།
གཅིག་དང་དུ་བྲལ་ཡོངས་གྲུབ་དམ་པའི་ཚུལ།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

ཀུན་རྫོབ་སྤྲོས་པ་ཀུན་ལས་འདས་པ་དང༌།།
འཕགས་པའི་གཟིགས་ངོར་བདེན་པར་གྲུབ་པ་གཉིས།།
མི་འགལ་ཟུང་འཇུག་རྣམ་པ་ཀུན་དང་ལྡན།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

གཉིས་སྟོང་ཡེ་ཤེས་རང་རིག་དོན་དམ་ཆེ།།
རྟག་བརྟན་གཡུང་དྲུང་འགྱུར་བའི་རྡུལ་དང་བྲལ།།
རྟེན་འབྲེལ་ལས་འདས་རིགས་པས་དཔྱད་བཟོད་པ།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

གཞི་ལམ་འབྲས་བུ་དབྱེར་མི་ཕྱེད་པའི་ཀློང༌།།
ཆོས་སྐུའི་མཚན་དཔེའི་ཡོན་ཏན་ཀུན་རྫོགས་པ།།
པྲ་ཕབ་བརྒྱད་མཚུངས་མཐོང་པ་དམ་པའི་དོན།།
གཞན་སྟོང་དབུ་མའི་བསྟན་པ་རྒྱས་གྱུར་ཅིག།

ཕྲ་བ་ནང་གི་མདོ་སྔགས་གཞན་སྟོང་དང༌།།
དཔལ་ལྡན་ཀ་ལཱ་ཙཀྲའི་དགོངས་པའི་གནད།།
མཉམ་སྦྱོར་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟའི་སྲོལ།།
མཉམ་མེད་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག།

ཅེས་པ་འདི་རྒྱ་གར་འཕགས་པའི་ཡུལ་ནས་ཇོ་ནང་སྨོན་ལམ་ཆེན་མོའི་རྗེས་དྲན་འཛམ་གླིང་ཕན་བདེའི་གྲུ་ཆར་གྱི་རྩོམ་སྒྲིག་པ་དག་གིས་ཇི་ལྟར་བསྐུལ་བ་བཞིན་ལས་ཀྱིས་མནར་བའི་སྙོམ་ལས་པ་བསྟན་འཛིན་རྒྱ་མཚོས་གསང་ཆེན་སྔ་འགྱུར་གྱི་གདན་ས་ཆེན་པོ་གསེར་ལྗོངས་བླ་མ་རུང་ནས་བོད་ཤིང་བྱ་ལོའི་ཟླ་ཚེས་ལ་བྲིས་ཏེ་ཕུལ་བའོ།།

No comments:

Post a Comment